Tuesday, 19 November 2019

དྲན་གསོ་ཞིག

༼སྙིང་ཉེ་བའི་ངའི་སློབ་མ་རྣམས་ལ་དམིགས་ཏེ་བྲིས་པའོ།༽

འགྲན་རྩོད་རྦ་རླབས་འཕྱོ་བའི་སྤྱི་ཚོགས་དབུས།།
རིགས་ཞེན་འདུ་ཤེས་ཉིན་མོའི་སྐར་མ་ཉིད། །
རང་དོན་སྒྲུབ་བྱེད་བཅོས་མའི་རྣམ་འགྱུར་དག།
དགྲ་ལས་འཇིགས་པས་རྟག་ཏུ་ཡིད་གཟབ་གྱིས།།

རྒྱལ་ཞེན་དར་རྩེ་ངག་གིས་འདྲེན་མཁན་མང་།།
རིན་བྲལ་ཕ་སྐད་བསྟོད་པའི་གླུ་གཞས་དང་།།
རྒྱལ་བའི་བཀའ་གསུང་ངག་གི་རྒྱན་བྱས་ཏེ། །
མགོ་གཉིས་མཁས་རྫུན་དག་ལ་ཡིད་གཟབ་གྱིས། །

ངོ་ཚ་སྐྱུར་ཏེ་ཁྲལ་མེད་ལྕགས་འབག་གྱོན། །
རིགས་མཐུན་གོ་ཆར་སྤྱད་དེ་རང་དོན་གཉེར།།
རྒྱུ་འབྲས་བྲལ་བའི་དུག་སྦྲུལ་ལྕེ་གཉིས་དག །
ཕྱོགས་མཚམས་ཡོངས་ལ་མང་བས་རྟག་ཏུ་གཟབ།།

ལང་ཚོའི་མེ་ཏོག་བཞད་པའི་དྲི་ཞིམ་ན།།
བུང་བར་སྤྲུལ་བའི་རྐང་དྲུག་བརྒྱ་ཕྲག་འཁོར།།
ཕུགས་བསམ་ཡོད་ཚུལ་གཏམ་སྙན་གང་བཤད་ཀྱང་།།
རང་ཚུགས་རང་གིས་གཅེས་དགོས་ཤེས་པར་གྱིས།

སློབ་དུས་འགྲུལ་ལམ་རིང་ཞིང་གྱེན་ཐུར་མང་།།
གྲོགས་དང་ལམ་ཁྲིད་མ་བརྟེན་འགྲུལ་དཀའ་ཡང་།།
སྨྲ་མཁས་རླུང་འདེད་རོགས་ཀྱི་གཏམ་སྙན་དང་།།
གཡང་གཟར་ཕྱོགས་པའི་ལམ་ཁྲིད་དག་ལ་གཟབ། །

སྐྱེ་རྒ་ལ་སོགས་འཁོར་བའི་ཆོས་ཉིད་བཞིན།།
གཏན་དུ་འགྲོགས་འདྲིས་མི་སྲིད་མི་ཚེའི་ལམ།།
གཉེན་གྲོགས་མང་ཡང་བསོད་ནམས་མི་མཚུངས་པས།།
འབྲལ་ཁའི་ལས་དབང་སྡུག་ཀྱང་གཡོལ་ཐབས་བྲལ།།

སྣག་ཚའི་རྡུལ་ཕྲན་གྱིས།

སྨྱུག་མིང་འདི་ངས་རེ་བ་ཞུས་བ་བཞིན་ངའི་སློབ་མ་ཞིག་གྱིས་བཏགས་སོ།

No comments:

Post a Comment

Still Here

    Right after the bitter, freezing winter of 1958, Spring—long awaited, long prayed for— Was stolen by an uninvited force. The C...