གྲང་ངར་དྲག་པའི་དགུན་ལྷགས་མ་མྱངས་བར།།
དཔྱིད་ཀྱི་ཉི་དྲོད་འཇམ་པོ་ག་ལ་ཚོར།།
དབྱར་ཟླའི་དྲག་ཆར་ཉིད་ཀྱིས་མ་བརྡུངས་ན།།
ས་བོན་ཀུན་གྱི་འབྲས་བཟང་ག་ལ་སྨིན།།
སྡུག་ན་སྡུག་པོའི་ཅ་ཅོ་མ་གྲགས་ཤིང་།།
སྐྱིད་ཀྱང་སྐྱིད་པོའི་དབྱངས་ལ་མ་རོལ་བར།།
སྐྱིད་སྡུག་འདྲེས་མ་འཚོ་བའི་འགྲོ་ལམ་ཉིད།།
འཁོར་བའི་ཆོས་ཉིད་བསམས་ཤིང་དལ་གྱིས་བསྐྱོད།།
རི་མགོ་མཐོ་ཡང་གནམ་འདེགས་མི་སྲིད་བཞིན།།
འཇིག་རྟེན་གྲགས་པས་ཐར་ལམ་ག་ལ་རྙེད།།
མཐོ་ཡང་འཚོ་ཡུལ་སྤྱི་ཚོགས་ར་བ་དང་།།
ས་འོག་འཚོ་བའི་ལས་དབང་སུ་ལ་དབང་།།
འཁོར་བར་འགྲེལ་བའི་ལྟ་གྲུབ་འདྲ་མིན་དང་།།
རིག་པས་བསྐྲུན་པའི་ཐར་པའི་གནས་ཀྱི་ལམ།།
ཚེ་འདིར་བརྩོན་པའི་བྱ་སྤྱོད་དང་འགལ་ན།།
ནེ་ཙོས་འདོན་པའི་ཡིག་དྲུག་ཁོ་ན་ཉིད།།
ང་དང་ང་ཡི་བདག་འཛིན་ཆགས་སེམས་ཀྱིས།།
མཐོ་སར་དེ་ཡིས་ཁེངས་དྲེགས་ང་རྒྱལ་དང་།།
སྡུག་སའི་དཀའ་ངལ་ཇེ་ཆེར་བཏང་བ་ཉིད།།
མངོན་སུམ་མྱངས་པས་མ་གཏོགས་རྟོགས་པར་དཀའ།།
༢༠༡༨/༥/༤
ཉིན་རྒྱལ་མཚན་གྱིས།
No comments:
Post a Comment