མི་རྟག་སྒྱུ་མའི་མི་ཚེ་རིང་ན་ཡང་།།
མི་མངོན་རྟོག་བཟོའི་གཟུགས་ཀྱི་མཛེས་སྡུག་ཙམ།།
རྨོངས་པའི་བློ་ཡིས་འཛིན་པའི་བདེ་བ་ཉིད།།
འཁོར་བར་ཆགས་པའི་འདོད་པའི་འཁྲུལ་སྣང་ཙམ།།
འཁོར་བའི་མི་ཚེ་དུས་ཀྱིས་འབྱེད་པ་སྟེ།།
འདས་པའི་ལང་ཚོའི་ངོ་བོ་ལོ་རྒྱུས་ཙམ།།
འཚོ་བཞིན་ད་ལྟའི་དུས་ཀྱང་སྐད་ཅིག་ཉིད།།
རེ་འདོད་བྱ་ཡུལ་མ་འོངས་སུ་ཡིས་རྟོགས།།
འདོད་པའི་སྐྱེ་རེངས་ཇི་ཉེ་འགྱུར་ན་ཡང་།།
རྒ་འཆིའི་ཆོས་ཉིད་ས་སྲོད་ཁྲོད་ན་ལུས།།
མི་རྟག་དུས་ཀྱི་རིན་ཐང་མ་འབྱེད་པར།།
མི་ལུས་རིན་ཆེན་འཁོར་བའི་ནགས་སུ་ལུས།།
འཁོར་བའི་འགྲོ་ལམ་རིང་ཞིང་དེ་བས་དཀའ།།
ཐར་པ་མངོན་གསུམ་མིག་གིས་མི་རིགས་པས།།
ལུང་རིགས་སྒྲོན་མའི་རོགས་ཤིག་མ་བརྟེན་པར།།
ནགས་ཀློང་འདི་ནས་ཐར་ལམ་རྙེད་པར་དཀའ།།


